བཤད་གྲྭ་དང་ སློབ་གྲྭ་གཉིས་ནང་ རིག་གཞུང་སློབ་སློན་འབད་བའི་སྐབས་ སློབ་སློན་ཐབས་ལམ་ཚུ་ མཉམ་ སྦྲེལ་ཐློག་ལས་ ལག་ལེན་འཐབ་དགོཔ་ཡློད་པའི་སྐོར།
DOI:
https://doi.org/10.17102/rabsel.23.1.11Abstract
འཛམ་གླིང་སྤྱི་འགྱུར་གྱི་སྲིད་བྱུས་དང་བསྟུན་ རྒྱལ་ཁབ་ནང་ལུ་ སློབ་གྲྭ་གཞི་བཙུགས་འབད་མི་ལས་ཚུར་ དེ་ནང་གི་ཆོས་ཚན་དང་ སློབ་སྦྱོང་འབད་ཐངས་ཚུ་ཡང་ རིག་གསར་སློབ་སྟོན་ཐབས་ལམ་ཚུ་གཞིར་བཞག་ལུ་སློབ་སྟོན་ཚུ་འབད་ནི་འགོ་བཙུགས་ཏེ་ཡོད་རུང་ སློབ་གྲྭ་ནང་ རྫོང་ཁ་དང་ རིག་གཞུང་སློབ་སྟོན་ལུ་བརྟེན་པའི་གྲུབ་འབྲས་ཚུ་ རེ་བ་བསྐྱེད་དོ་བཟུམ་རང་འབྱུང་སྟེ་མེད་པའི་ཁར་ ད་ལྟོ་ གཡོག་ནང་ལས་ཕར་རྫོང་ཁ་དང་ རིག་གཞུང་གི་ཡོན་ཏན་ལེགས་ཤོམ་སྦེ་ཡོད་མི་ཚུ་ཡང་ མང་ཤོས་རང་ བཤད་གྲྭ་དང་ སེམས་རྟོགས་ཁར་རིག་གཞུང་སློབ་གྲྭ་ཚུ་ནང་ལས་ མཐར་འཁྱོལ་ཏེ་ཡོད་མི་ཚུ་ཨིནམ་སྦེ་ངོས་འཛིན་བྱུང་སྟེ་ཡོད། དེ་འབད་ནི་འདི་གིས་ སློབ་གྲྭ་ཁག་ནང་ལས་ཕར་ རྫོང་ཁ་དང་ རིག་གཞུང་ཚུ་སློབ་སྟོན་འབད་བའི་སྐབས་ ད་རེས་རིག་གསར་གྱི་ཐབས་ལམ་འདི་རྐྱངམ་ཅིག་ལག་ལེན་འཐབ་སྟེ་ སློབ་སྟོན་འབད་ནི་ལས་ལྷག་སྟེ་ བཤད་གྲྭ་ཁག་ཚུ་ནང་གི་སློབ་སྟོན་ཐབས་ལམ་ཚུ་ཡང་ ལག་ལེན་འཐབ་ཚུགས་པ་ཅིན་ ཕན་ཐོགས་སྦོམ་བྱུང་ནི་ཨིན་པའི་ཁར་ བཤད་གྲྭ་ཁག་ཚུ་ནང་ལས་ཕར་ཡང་ དུས་ཀྱི་འགྱུར་བ་དང་བསྟུན་ ཧེ་མའི་ཐབས་ལམ་རྐྱངམ་ཅིག་མེན་པར་ འོས་འབབ་ཡོད་པའི་ད་རེས་ཀྱི་རིག་གསར་ཐབས་ལམ་ཚུ་ཡང་མཉམ་སྦྲེལ་གྱི་ཐོག་ལས་ ལག་ལེན་འཐབ་ཚུགས་པ་ཅིན་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་པའི་ཞིབ་འཚོལ་གྲུབ་འབྲས་དང་འཁྲིལ་ཏེ་ ང་བཅས་སློབ་གྲྭ་ཁག་ནང་ལུ་ཨིན་པ་ཅིན་ བཤད་གྲྭ་ཁག་ནང་ ལག་ལེན་འཐབ་སྲོལ་ཡོད་པའི་མཐོང་བ་རྒྱུད་པའི་ལག་ལེན་ ལུང་ཞུ་ནི་དང་ སྐྱོར་སྦྱང་འབད་ནི་ ཁག་ཆེ་བའི་དོན་ཚན་ཚུ་གུར་ རྩོད་གླེང་འབད་ནི་ ཁག་ཆེ་བའི་རྩ་ཚིག་བློར་གཟུང་ནི་ལ་སོགས་པ་ཚུ་ སློབ་གྲྭ་ཁག་གི་རིག་གཞུང་ཆོས་ཚན་གྱི་རྩ་གཞུང་ནང་ ཚུད་དེ་ ལག་ལེན་འཐབ་དགོཔ་ཡོད་པའི་ཁར། དེ་ལས་ བཤད་གྲྭ་ཁག་ནང་ལུ་ཨིན་པ་ཅིན་ དེང་སང་གི་རིག་གསར་ཐབས་ལམ་ ཕན་ཚུན་འབྲེལ་རྟོགས་འབད་དེ་ལྷབ་ནི་དང་ ཆོས་སྟོན་མི་འདི་ལས་ ཕྱོགས་གཅིག་རྐྱངམ་ཅིག་སྦེ་མེན་པར་ སྟོན་མི་དང་ ལྷབ་མི་ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ ལྷབ་སྦྱངའབད་བའི་སློབ་སྟོན་ཐབས་ཤེས་ཚུ་ལག་ལེན་འཐབ་དགོཔ་ དེ་ལས་ གནས་སྟངས་གཞིར་བཞག་གི་ཞིབ་འཚོལ་འབད་ཐོག་ལས་ ལྷབ་དགོཔ་ཚུ་འདུག་ཟེར་ཞུ་ནི་ཨིན། ཞིབ་འཚོལ་གྲུབ་འབྲས་འདི་གིས་ ང་བཅས་སློབ་གྲྭ་ཁག་ནང་ རྫོང་ཁ་དང་རིག་གཞུང་སློབ་སྟོན་འབད་ནིའི་དོན་ལུ་ ཐབས་ལམ་ལེགས་བཅོས་འབད་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པའི་ཁར་ བཤད་གྲྭ་ཁག་ནང་ལས་ཕར་ཡང་ རིག་གསར་ཐབས་ལམ་ཚུ་མཉམ་སྦྲེལ་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་དང་། དེ་ལས་ རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ལུ་ཡང་ རྫོང་ཁ་དང་རིག་གཞུང་སློབ་སྟོན་འབད་ཐངས་ལུ་ ཕན་ཐོགས་ཅན་གྱི་ཁྱད་རིག་གོང་འཕེལ་གཏང་དགོ་པའི་གྲོས་འཆར་ཚུ་བཀོདཔ་ཨིན།