བྱེམ་ཐང་ཁ་སློབ་གྲྭ་ཆུང་བའི་ སློབ་རིམ་ལྔ་པའི་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ གནས་ཚད་དང་བསྟུན་པའི་ ལྷག་རྩལ་བརྟག་ཞིབ་དང་ཐབས་ལམ།
DOI:
https://doi.org/10.17102/jear.25.07.10689Abstract
སྤྱིར་འཛམ་གླིང་རྒྱལ་ཁབ་མང་ཆེཝ་ནང་ རང་གི་སྐད་དང་ལམ་སྲོལ་ཚུ་ཉམས་ རྒྱལ་སྤྱིའི་སྐད་ཡིག་ ཨིང་སྐད་འདི་ཁྱབ་ཆེ་སུ་སྦེ་ལག་ལེན་འཐབ་དགོ་པའི་ དུས་དང་གནས་སྟངས་ལུ་ལྷོད་དེ་འདུག། དེ་བཟུམ་སྦེ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ཡང་ རྫོང་ཁ་སླབ་མི་གི་གྱངས་ཁ་འདི་ སྔོན་གྱི་དུས་ལས་ ད་རེས་དར་ཁྱབ་ཆེ་སུ་འབད་སོང་ཡོད་རུང་ རྫོང་ཁ་ལྷག་ནི་དང་འབྲི་ནི་ལུ་སྤྲོ་བ་དང་ སེམས་ཤུགས་ཉམས་ཡོད་མི་འདི་ ཀུན་གྱིས་ཤེས་སར་ཨིན། དེ་གིས་སྦེ་ ད་རེས་ནངས་པ་ སློབ་ཕྲུག་ཚུ་ གནས་ཚད་དང་འཁྲིལ་བའི་ རྫོང་ཁ་འབྲི་ལྷག་གི་ཤེས་ཡོན་མེདཔ་ཨིནམ་ མི་སྡེ་དང་ བརྡ་བརྒྱུད་ཚུ་ནང་ ཁྱབ་ཆེ་སུ་སྦེ་དར་ཏེ་འདུག། གནད་དོན་དེ་ལུ་ རང་ཡང་ འབྲུག་པའི་མི་གཅིག་ཨིན་པའི་ཆ་ལས་དང་ ལྷག་པར་དུ་ སློབ་དཔོན་གཅིག་ཨིནམ་ལས་ དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཚུ་ ཤེས་རྟོགས་འབད་དགོ་མནོ་ཡི། ལྷག་ནི་འདི་ བརྡ་དོན་འཐོབ་ནི་དང་ རྩོམ་རིག་གི་ཉམས་མྱོང་ལེན་ནི་ དེ་ལས་གཞན་ལུ་ བསམ་འཆར་ཉན་སླབ་འབད་ནི་ལ་སོགས་པའི་ འབྱུང་གནས་གཙོ་བོ་ཅིག་ཨིན། སླབ་ནི། ཉན་ནི་དང་ འབྲི་ནི་རིག་རྩལ་ཚུ་ ལེགས་ཤོམ་འོང་ནི་དོན་ལུ་གཙོ་བོ་ ལྷག་ཤེས་དགོཔ་ཨིན། དེ་འབདཝ་ལས་ ལྷག་ནི་གི་ གཞི་འགྱམ་ལེགས་ཤོམ་འོང་ནིའི་དོན་ལུ་ སློབ་རིམ་ཆུང་བའི་ནང་ལས་རང་ ལྷག་ཐངས་ཀྱི་རིག་རྩལ་ ཡར་རྒྱས་གཏང་དགོཔ་དང་ ལྷག་ནི་ལུ་གོམས་གཤིས་ལེགས་ཤོམ་བཟོ་དགོཔ་ཨིན། ལག་ལེན་ཞིབ་འཚོལ་འདི་ བྱེམ་ཐང་ཁ་སློབ་གྲྭ་ཆུང་བའི་ སྤྱི་ལོ་༢༠༢༣ གི་སློབ་རིམ་ལྔ་པའི་སློབ་ཕྲུག་སྡེ་ཚན་གཉིས་ སློབ་ཕྲུག་གྲངས་༤༦ ལས་སློབ་ཕྲུག་མང་ཆེ་བ་ལུ་གནས་ཚད་དང་འཁྲིལ་བའི་ལྷག་ནིའི་རིག་རྩལ་མེད་པའི་དཀའ་ངལ་འདི་རྒྱུ་རྐྱེན་ག་ཅི་ལས་བརྟེན་ཏེ་ཨིན་ན་བརྟག་ཞིབ་འབད་ཡི། དེ་ལས་ ཞིབ་འཚོལ་འབད་བའི་ནམ་དུས་ལུ་ ལྷག་ནི་ལུ་དཀའ་ངལ་ཡོད་མི་སློབ་ཕྲུག་ཚུ་ ཤེས་ཡོན་ལྷབ་སྦྱང་ནང་ཕན་གནོད་ག་དེ་སྦེ་ར་འདུག་ག་ ལྟ་དཔྱད་འབད་དེ་ འོས་ལྡན་གྱི་ཐབས་ལམ་ངོས་འཛིན་འབད་ཡི།
