སློབ་རིམ་གཉིས་པ་ ཁ་སྡེ་གི་ སློབ་ཕྲུག་ཨ་ལློ་བཅུ་ཐམ་ ལྷག་ནིའི་དཀའ་ངལ་འདི་ ག་དེ་འབད་ སེལ་ཚུགས་ནི་ ཨིན་ན?

Authors

  • Karma Gyeltshen

Abstract

ངོ་སྤྲོད།

སྤྱིར་གཏང་ལྷག་ནི་ནང་ སྐད་ཡིག་ཡར་རྒྱས་གཏང་ནི་གི་ རིག་རྩལ་བཞི་ ཡོད་ས་ལས་ ལྷག་ནི་འདི་ གལ་ཆེཝ་ལས་ ལྷག་ནི་གི་ གཞི་འགྱམ་ ཚུད་པ་ཅིན་ སློབ་ཕྲུག་ཚུ་གི་ རྣམ་དཔྱོད་ཀྱི་ བློ་རྩལ་ཁྱད་འཕགས་ཅན་འབད་སྦྱང་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན། སློབ་རིམ་བློ་གསར་ལས་འགོ་བཟུང་སྟེ་ ལྷག་ནིའི་གཞི་འགྱམ་སྒྲིང་སྒྲིང་ མ་ཚུད་པ་ཅིན་ ཕུག་ལུ་སློབ་རིམ་ཡར་སེང་འགྱོཝ་ད་ གདོང་ལེན་སྦོམ་འབད་འབྱུང་ནིའི་ ཉེན་ཁག་ཡོད། དེ་འབད་ནི་འདི་གི་ལྷག་ནིའི་ གཞི་འགྱམ་བསྲ་བརྟན་ཅིག་ ཚུད་དགོ་པ་ཅིན་ གསལ་བྱེད་ དབྱངས་ མགོ་ཅན་ དང་འདོགས་ཅན་ཚུ་ གསལ་ཏོག་ཏོ་འབད་སློབ་ཕྲུག་ཨ་ལོ་ཚུ་གི་རྒྱུད་ལུ་ ཤེས་རྟོག་འབྱུང་དགོཔ་འདི་གལ་ཆེ་བས། དེ་ལས་རྐྱངམ་ཅིག་ སློབ་རིམ་གྱི་ གནས་ཚད་དང་བསྟུན་པའི་ ལྷག་དེབ་ཚུ་ ལྷག་ནིའི་སྦྱང་བ་ འབད་བཅུག་དགོཔ་ཨིན། དེ་ཡང་ ལྷགཔ་ད་ལུ་ཡང་ ཚིག་སྡུད་དང་སྦྱོར་ཀློག་འཕྲོ་མཐུད་དེ་ ལྷག་ནི་ལུ་ སྦྱང་བ་འབད་བཅུག་པ་ཅིན་ སློབ་ཕྲུག་ཚུ་ ལྷག་དེབ་གཞན་ཡང་ ཐོགས་ཆགས་མེད་པར་ལྷག་ནི་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིན་མས། ལྷག་པར་དུ་ཤེས་ཡོན་ མཐར་འཁྱོལ་ཅན་འབྱུང་ནི་ལུ་ ཕན་ཐོགས་ འབྱུང་ཚུགསཔ་མ་ཚད་ མིང་ཚིག་དང་ བརྗོད་ཚིག་འབྲི་ཐངས་ གཞན་ ལམ་ལུགས་སྲོལ་གྱི་ སྐོར་ལས་ཡང་ ལེགས་ཤོམ་འབད་ ཧ་གོ་ཚུགསཔ་ཨིན། དེ་འབདཝ་ལས་ ལྷག་ནི་གི་ རིག་རྩལ་ནང་ སྦྱང་བ་ ཤུམ་ཚུད་ནི་འདི་ སློབ་རིམ་ཆུང་བ་ ནང་ལས་རང་ གཞི་འགྱམ་ ལེགས་ཤོམ་འབད་ བཙུགས་དགོཔ་འདི་ གལ་ཆེ། སློབ་སྟོན་པ་ རང་གིས་ ལྷག་ནི་གི་ རིག་རྩལ་ལུ་ གཙོ་བོ་ མ་བཏོན་པ་ཅིན་ སློབ་ཕྲུག་ཨ་ལོ་ཚུ་གི་ འབྲི་ནི་དང་སླབ་ནིའི་ རིག་རྩལ་ནང་ཡང་ ཐོ་ཕོག་ནི་ཨིན། འདི་གི་ཡང་མ་དོ་བར་ སློབ་ཕྲུག་ཨ་ལོ་ཚུ་གིས་ རྒྱུད་ལུ་  ཡི་གུའི་སྦྱོར་བ། མིང་ཚིག་ གོ་བ་ལེན་ནི་ཚུ་ ཁེ་ཕན་ཡོདཔ་མ་ཚད་ སྔོན་གྱི་མཁས་དབང་ མང་རབ་ཚུ་གིས་ ཡིག་ཐོག་ལུ་ བཀོད་གནང་མིའི་ དགོངས་པ་ཚུ་ཡང་ ཧ་གོ་ཚུགས་པའི་ཁེ་ཕན་ཡོདཔ་ལས་  ང་བཅས་འབྲུག་པའི་མི་ཁུངས་ག་ར་དང་ འཕྲལ་དུ་སྦྱང་བརྩོན་འབད་མི་ སློབ་ཕྲུག་ན་གཞོན་ཚུ་གིས་ རང་གིས་ རྒྱལ་ཡོངས་སྐད་ཡིག་ནང་ ཡིག་ཐོག་ལུ་བཀོད་མི་ ལྷག་དེབ་ཚུ་ ཐོགས་ཆགས་མེད་པར་ གཅིག་མཚུངས་འབདལྷག་ནི་ལུ་ སྦྱང་བརྩོན་འབད་ནི་དང་ རྒྱལ་ཡོངས་སྐད་ཡིག་འདི་ བསྲ་བརྟན་དང་ཡུན་བརྟན་འབད་བདག་འཛིན་འཐབ་ནིའི་ཕྱིར་དུ་ ལག་ལེན་ཞིབ་འཚོལ་འབད་ནིའི་ འགོ་བཙུགས་ཡི། ལྷག་པར་དུ་ སློབ་རིམ་གཉིས་པ་ཁ་སྡེ་ནང་ སློབ་ཕྲུག་ཨ་ལོ་བཅུ་ཐམ་དེ་ཅིག་ རྫོང་ཁ་ལྷག་ནི་ལུ་དཀའ་ངལ་ཆེ་སུ་འབད་ཡོདཔ་ལས་ ཞིབ་འཚོལ་གྱི་ཐོག་ལས་གནས་སྟངས་དབྱེ་དཔྱད་འབད་ཡི། འདི་བསྒང་ སློབ་ཕྲུག་ཨ་ལོ་ཚུ་གི་ རྣམ་དཔྱོད་ཀྱི་བློ་རྩལ་འདི་ སྐྱོ་སུ་ཡོད་པའི་ཁར་ ཕམ་ཚུ་ཡང་ཤེས་ཡོན་ཆུང་མི་གཙང་གཙང་ཨིནམ་ལས་ ལྷག་ནིའི་རྒྱབ་སྐྱོར་བྱིན་ནི་ནང་ཡང་ ལཱ་ཁག་གཏང་ཡོད་པའི་མངོན་གསལ་འབྱུང་ཡི། འདི་ནང་གལ་ཆེ་ཤོས་ཅིག་འདི་ སློབ་ཕྲུག་ཨ་ལོ་ཁོང་རང་ལས་ རང་བཞིན་གྱི་སྤྲོ་བ་ཅིག་ཡང་དགོཔ་ལས་ སློབ་ཕྲུག་མང་ཤོས་ཅིག་ལྷག་ནི་ནང་སྤྲོ་བ་ཞན་སུ་ཡོདཔ་ལས་ འདི་གི་གདོང་ལེན་འབད་ནིའི་དོན་ལུ་ ཐབས་ཤེས་དང་ཐབས་བྱུས་སྣ་ཚོགས་ཀྱི་ཐོག་ལས་ ཞིབ་འཚོལ་གྱི་ཐོག་ལས་ དཀའ་ངལ་སེལ་ཚུགས་ནིའི་ དམིགས་གཏད་སྐྱེད་ཡི།



Downloads

Published

2024-06-09