སློབ་རིམ་༦ པའི་སློབ་ཕྲུག་ཚུའི་རྫོང་ཁ་ཐོགས་ཆགས་མེད་པར་ལྷག་ནིའི་རིག་རྩལ་ཡར་དྲག་གཏང་ཐབས།
DOI:
https://doi.org/10.17102/jear.26.11.090102Keywords:
ལག་ལེན་ཞིབ་འཚོལ། ལྷག་ནིའི་རིག་རྩལ། ཐོགས་ཆགས་མེདཔ། ཡར་དྲག། རྫོང་ཁ།Abstract
ལག་ལེན་ཞིབ་འཚོལ་འདི་ ཝ་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་སློབ་རིམ་༦ པའི་སློབ་ཕྲུག་ཚུའི་ནང་འཁོད་ལུ་ རྫོང་ཁ་ཐོགས་ཆགས་མེདཔ་སྦེ་ ལྷག་ནི་གི་རིག་རྩལ་ཡར་དྲག་གཏང་ནིའི་དོན་ལུ་ ལམ་སྟོན་ཐབས་ལམ་ཐོག་ལས་ ཡིག་རྒྱུགས་ལྷག་ནི་གི་ ཐབས་ལམ་གྱི་ཕན་ནུས་ཚུ་ ཞིབ་དཔྱད་འབད་འབདཝ་ཨིན། བདུན་ཕྲག་ ༧ གྱི་རིང་ལུ་ སློབ་རིམ་༦ པའི་སློབ་ཕྲུག་ བུམོ་༡༨ དང་ བུཚུ་༡༠ བསྡོམས་སློབ་ཕྲུག་༢༨ ཀྱིས་ རྫོང་ཁ་ཐོགས་ཆགས་མེད་པར་ ལྷག་ནི་གི་རིག་རྩལ་ཡར་དྲག་གཏང་ནི་གི་ ལག་ལེན་ཞིབ་འཚོལ་ནང་ གྲལ་གཏོགས་འབད་དེ་ཡོད། ཞིབ་འཚོལ་འདི་ ལག་ལེན་ཞིབ་འཚོལ་གྱི་འཁོར་རིམ་གསུམ་གྱི་ཐབས་ལམ་ཐོག་ལས་ སྔོན་འགྲོའི་གནས་སྡུད་བསྡུ་ལེན་དང་ གནས་སྡུད་དབྱེ་དཔྱད། ཕན་གནོད་དབྱེ་ཞིབ་ཀྱི་དོན་ལུ་ ལེགས་བཅོས་ཐབས་ལམ་ལག་ལེན་འཐབ་པའི་སྐབས་ བརྟག་ཞིབ་དང་། དཔེ་ཚད་ཀྱིས་ལྟ་རྟོག་བསམ་ལན། ཉིན་དེབ་ཟིན་ཐོ་ཚུ་བཀོད་དེ་གནས་སྡུད་བསྡུ་ལེན་འབད་ཡི། དེ་ལས་ མཇུག་གི་གནས་སྡུད་བསྡུ་ལེན་དང་དབྱེ་དཔྱད་ འབད་ཞིནམ་ལས་ གནས་སྡུད་འགོ་མཇུག་གཉིས་ག་བསྡུར་འབད་དེ་ གྲུབ་འབྲས་དང་ དེ་གི་རྒྱབ་ཁུངས་ཚུ་ལྟ་རྟོག་དང་ ཞིབ་འཚོལ་གྱི་ཉིན་དེབ་ནང་བཀོད་ཡོད་པའི་གནས་སྡུད་ཚུ་ལུ་གཞི་བཞག་སྟེ་ འགྲེལ་བཤད་འབད་དེ་ཡོདཔ་ཨིན། ཞིབ་འཚོལ་གྱི་གྲུབ་འབྲས་དེ་ཡང་ འགོ་ཐོག་ གནས་སྡུད་དང་ མཇུག་གི་གནས་སྡུད་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་སྦེ་ར་ཐོན་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གིས་ ལྷག་ནིའི་ལས་རིམ་ཚུ་ནང་ དང་འདོད་དང་ སྤྲོ་བ་ཚུ་གོང་འཕེལ་སོང་སྟེ་ཡོདཔ་སྦེ་ གསལ་སྟོན་བྱུང་ཡི། ཞིབ་འཇུག་འདི་གིས་ འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ཚུ་ལུ་ ལྷག་ནི་གི་རིག་རྩལ་ ཡར་དྲག་གཏང་ཚུགས་པའི་ཐབས་ཤེས་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་ཅན་ཅིག་སྦེ་ འབྱུང་ཚུགས་པའི་རེ་ཡོད།
